PHECHOE THUPTEN NYINCHEN

12-Phechoe-Thupten-Nyinchen

Phechoe Thupten Nyinchen

༡༩༢༢ཟླ་༥ཚེས་༥བོད་ཆུ་ཕག་ལོར་ཡབ་ཕུན་ཚོགས་གཡུ་རྒྱལ་དང་། ཡུམ་ཡེ་ཤེས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་། དགུང་ལོ་༥།༦ཙམ་ལ་སེར་བྱེས་གྲ་ཚང་དུ་ཆོས་ཞུགས་མཛད་ནས་༡༩༣༠ཙམ་ལ་༸གོང་ས་སྐུ་ཕྲེང་བཅུ་གསུམ་ཆེན་པོའི་སྐུ་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་གནང་། དེ་རྗེས་པོ་ཏཱ་ལའི་ཞོལ་རྒྱས་སྒོ་གཞུང་སྒོའི་སྟེང་དུ་རྩེ་གཉེར་ཚང་དྲུང་ཡིག་ལགས་ཀྱི་སློབ་གྲ་ཞིག་ཡོད་པ་དེར་ཕེབས། ཕྱི་ལོ་༡༩༣༢ལོརས་རྩེ་སློབ་གྲའི་ནང་ཞིབ་འཇུག་གིས་སློབ་ཕྲུག་ལྔ་ཕྱིར་འབུད་གནང་ནས་ཚབ་གསར་གྱི་འོས་སུ་འདེམས་ཐོན་བྱུང་ནས་བོད་ཆུ་བྱ་ཟླ་༩ཚེས་༥དང་། ཕྱི་ལོ་༡༩༣༢ལོརས་རྩེ་སློབ་གྲར་བཞུགས་ནས་དགུང་ལོ་༡༩ལྕགས་སྦྲུལ་ཟླ་༡༢ཕྱི་ལོ་༡༩༤༡བར་ལོ་ངོ་དགུའི་རིང་སློབ་སྦྱོང་གནང་།

༡༩༤༡ལོར་ཞབས་སྡོད་བསྐོ་གཞག་ཐོག་ལོ་དེར་ཚོགས་མཆོད་སེར་སྒྲེང་ཆེན་མོའི་མཆོད་རྫས་དོ་དམ་པའི་ལས་བྱ་བའི་ཁོངས་སུ་བསྐོ་གཞག་གནང་། ༡༩༤༢དགུང་ལོ་༢༠ཐོག་དགས་པོ་རྒྱ་ཚ་རྫོང་ཁོངས་བཀའ་བརའརྒྱུད་ཀྱི་གདན་ས་དགས་ལྷ་སྒམ་པོ་ཉམས་གསོའི་ཆེད་ལས་བྱའི་ཁོངས་བསྐྱོད་ནས་ལོ་གཉིས་ལྷག་ཙམ་བཞུགས། ༡༩༤༥ལོ་མཇུག་ཙམ་དུ་རྫས་མདེལ་དོ་དམ་དང་། ཞོལ་དམག་ཕོགས་ཁང་གི་ལས་བྱ་གཅིག་ལྕོགས་གནང་། ༡༩༤༦ནས་༡༩༥༤བར་ལོ་དགུའི་རིང་ནོར་གླིང་སྐུ་སྒེར་མཛོད་སྦུག་ལས་ཁུངས་ཀྱི་ལས་བྱ་རྒན་གཞོན་གྱི་ལས་འཁུར་གནང་།

༡༩༥༤ལོ་མཇུག་ཏུ་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་མཁན་འཛིན་བསྐོ་གཞག་བསྩལ་བ་ལྟར་ས་གནས་སུ་ལས་འཁུར་རྩིས་བཞེས་གནང་། ༡༩༥༥ལོ་མཇུག་ཏུ་ལེགས་བཅོས་ཚོགས་འདུའི་འཆར་དོན་ལྟར་གཞུང་ཁོངས་རྫོང་གཞིས་ཆེ་ཆུང་ཡོངས་རྫོགས་གཞུང་འཛིན་བསྐྱངས་དོན་ལྟར་རྒྱལ་རྩེ་དཔལ་ཆོས་མཁན་པོ་དང་། རྒྱལ་རྩེ་རྫོང་སྡོད་གཅིག་ལྕོགས་ཆེད་གནས་རིམ་ལྔ་པའི་ལས་ཚན་པ་སེར་སྐྱ་གཉིས་སྦྲེལ་ཞིག་བསྐོ་གཞག་གནང་བ་ནས་སེར་མོ་བའི་མཚན་འཁུར་ཕྱག་ལས་གནང་།

༡༩༥༦ལོར་བོད་ནང་རྒྱ་དམར་གྱིས་བཙན་གནོན་ཆེ་རུ་འགྲོ་གི་ཡོད་སྟབས་རྩེ་མཁན་མགྲོན་ཆེ་བ་ལྷ་ཐུབ་བསྟན་འོད་ལྡན་མཆོག་བརྒྱུད་བོད་གཞུང་དང་འབྲེལ་བ་གནང་ནས་བོད་དོན་ཐོག་ལས་འགུལ་བརྩམས་ཆེས་འབྲུག་བརྒྱུད་རྒྱ་གར་ས་ཀ་སྦུག་ཏུ་ལོ་དེའི་ཟླ་༣པའི་ནང་ཕེབས་ནས་རང་བཙན་ལས་འགུལ་བརྩམས། སྐབས་དེར་ལོ་གྲངས་༩བོད་མིའི་གྲས་ནས་ཕྱིར་འབུད་བྱུང་བའི་ཁོངས་ཡིན། ཀ་སྦུག་ཏུ་བཞུགས་སྐབས་ཀ་སྦུག་བདེ་དོན་ཚོགས་པ་ཚུགས་རྗེས་འཛམ་གླིང་ནས་བོད་དོན་སྐོར་གསལ་བཤད་ཀྱི་ཕྱག་ལས་རྒྱ་ཆེ་གནང་།

༡༩༥༩ནང་བོད་མི་བཙན་བྱོལ་བ་ཁྱོན་ཆེ་རྒྱ་གར་ནང་འབྱོར་སྐབས་འབྲུག་བརྒྱུད་ནས་ཡོང་མཁན་ཚོའི་ཆེད་སྦག་ས་ས་གནས་སུ་གསོག་སྒར་ཞིག་འཛུགས་གནང་མཛད་པའི་སྣེ་ལེན་འགོ་འཛིན་དུ་ཕེབས། ལོ་དེའི་ཟླ་༩པ་ཙམ་དུ་མ་སུ་རི་བཞུགས་སྒར་དུ་ནང་སྲིད་ལས་ཁུངས་སུ་བཅར་དགོས་ཕེབས་པ་ལྟར་དེར་ཕྱག་ལས་གནང་། ༡༩༦༠ལོརས་བཞུགས་སྒར་རྡ་རམ་ས་ལར་གནས་སྤོས་བསྐྱངས་རྗེས་མི་ས་མ་རི་དང་། སྦག་ས་གཉིས་ལ་བཙན་བྱོལ་པ་ཁྱོན་ཆེ་འབྱོར་གྱི་ཡོད་པར་བརྟེན་འཚམས་འདྲི་དང་དམིགས་བསལ་གསོལ་རས་གནང་བ་དང་སྦྲགས་བུ་ཕྲུག་སློབ་གྲར་གཏོང་འདོད་ཡོད་པ་རྣམས་ཀྱི་མིང་ཐོ་འགོད་ལེན་ཆེད་ཕེབས། དེའི་རྗེས་རྒྱ་གར་བྱང་ཕྱོགས་ཇ་མུ་ཁུལ་བོད་མི་ཡོད་པ་རྣམས་ནས་ཕྲུག་གུ་སློབ་གྲར་གཏོང་འདོད་ཡོད་པ་རྣམས་ཀྱི་མིང་ཐོ་ལེན་ཆེད་ཕེབས། ༡༩༦༡ལོར་ཤེས་རིག་བཀའ་ཟློན་ཕྱག་རོགས་སུ་བསྐོ་གཞག་གིས་ལྡི་ལིར་ཕྱག་ལས་གནང་། བར་སྐབས་ལས་ཁུངས་ཁག་གི་ལས་བྱེད་བསྐོས་སྒྲིག་གསར་པ་ཞིག་གནང་སྐབས་བཀའ་བློན་ལས་རོགས་ཀྱི་མཚན་གནས་དེ་མེད་པར་ལྡི་ལི་ཤེས་རིག་འགན་འཛིན་པའི་མཚན་ཐོག་ཕྱག་ལས་མི་མཐུད་གནང་། ༡༩༦༥ལོར་ལྡི་ལི་ཤེས་རིག་གི་ལས་འགན་རང་འཇགས་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་ཞ་སྒབ་པསི་ལས་རོགས་སུ་བསྐོ་གཞག་བསྩལ། ༡༩༦༦ནས་༡༩༧༢བར་ལྡི་ལི་སྐུ་ཚབ་དོན་གཅོད་པ་ལས་ཚབ་གནང་། ༡༩༧༢ནས་༡༩༧༣ལྡི་ལི་སྐུ་ཚབ་དོན་གཅོད་ལས་རོགས་ཀྱི་ཕྱག་ལས་གནང་། ༡༩༧༣ནས་༡༩༧༥བར་ཤེས་རིག་བཀའ་བློན་གྱི་ཕྱག་ལས་གནང་ཆེད་རྡ་སར་ཕེབས། ༡༩༧༥ནས་༡༩༨༠བར་ཆོས་ཤེས་བཀའ་བློན་གཅིག་ལྕོགས་གནང་། ༡༩༨༠ཟླ་༣ཚེས་༢༡ཉིན་སྐུ་གཟུགས་བདེ་མིན་གྱིས་དགོངས་ཞུའི་༸སྙན་ཤོག་ཕུལ་སྟེ་༡༩༨༠ཟླ་༩ཚེས་༢༠ཉིན་ལས་འགན་ནས་འགོངས་འཁྲོལ་ཐོབ་སྟེ་རྡ་རམ་ས་ལར་རྒལ་ཡོལ་ཁོངས་བཞུགས། ༡༩༨༢ལོར་བོད་མི་མང་སྐབས་༨པའི་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གནང་། སྐུ་ངོ་མཆོག་ཆོས་ཤེས་བཀའ་གློན་གནང་སྐབས་ཤེས་རིག་དང་། ཝ་ཎ་མཐོ་སློབ། ལྡི་ལི་བོད་ཁང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། མ་སུ་རི་བོད་ཁྱིམ། རྡ་ས་བོད་ཕྲུག་ཁྱིམ་སྡེ། རྡ་ས་ཤེས་རིག་ཟློས་གར་བཅས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གནང་། རྒས་ཡོལ་དུ་ཕེབས་རྗེས་ཤེས་རིག་ལྷན་ཁང་ཕུད་གོང་གསལ་ཚོགས་པ་གཞན་ཁག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གནང་མུས་ཐོག་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་ཡང་གནང་ཡོད་པ་བཅས།།

འབྱུང་ཁུངས། རྒྱུན་མཁོའི་བོད་གནས་ལག་དེབ། ཤོག་གྲངས་ ༡༡༨།

Leave a comment