KUNLING WOESER GYALTSEN

བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་མཆོག་ནི་༡༩༡༥ཟླ་༤ཚེས་༡༥ཉིན་ལྷ་སར་ལྷ་ལྡིང་གཟིམས་ཤག་གི་ཞབས་ཞུའི་ལས་ཤག་ཏུ་ཡབ་ལྷ་ལྡིང་གཉེར་པ་བསོད་ནམས་དཔལ་འབྱོར་དང་། ཡུམ་ཚེ་དབང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་ངུའི་སྐབས་ཞང་བོ་བསོད་ནམས་ནས་ལས་དྲུང་ཨོ་རྒྱན་ནོར་བུའི་སར་བཞག་ནས་དགུང་ལོ་སོན་མཚམས་ལྷ་ས་སྐྱིད་རས་སློབ་གྲའི་ནང་ལོ་༦རིང་སློབ་སྦྱོང་གནང་། དགུང་ལོ་༡༣ཐོག་སྐྱབས་རྗེ་ཀང་གསར་རྡོ་རྗེ་འཆང་ཆེན་པོའི་ཤག་ཚང་དུ་འབྲས་སྤུངས་སྒོ་མང་གྲ་ཚང་གི་ཆོས་སྒོར་གཞུགས། དགུང་ལོ་༡༧ཏོག་ཀུན་བདེ་གླིང་བླ་བྲང་གི་ཞབས་སྡོད་ཁོངས་ལོ་གཉིས་བཞུགས། ༡༩༣༨བོད་ཟླ་༡ཚེས་༢ཉིན་ལོ་གསར་མཛད་ཆེན་སྐབས་སུ་ཆབ་སྲིད་ཀྱི་ཞབས་ཞུའི་ཐོག་མ་གཞུང་ཞབས་རྩེ་དྲུང་གོ་ཞབས་སྣེར་འཁོད་དེ་རྩེ་ཡིག་ཚང་གི་ལས་བྱ་དང་། རྒྱལ་ཚབ་རིན་པོ་ཆེའི་སྣེ་ཤན་གཞོན་པ། ཚེ་གླིང་དོ་དམ། ཤོད་མགྲོན། རྩེ་མགྲོན་བཅས་ཀྱི་ཕྱག་ལས་གནང་། ༡༩༤༧ལོར་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་དང་། སྲིད་ཟུར་ར་སྒྲེང་རིན་པོ་ཆེ་གཉིས་ཐུགས་ཁ་མ་མཐུན་པའི་རྐྱེན་ལས་ར་སྒྲེང་ཕྱོགས་གཏོགས་ལ་ཉམས་ཉེས་སུ་འགྱུར་སྟབས་གཞུང་ཞབས་ཕྱིར་འཐེན་གནང་བར་བརྟེན་ཀུན་བདེ་གླིང་བླ་བྲང་ནས་ཁམས་ཕྱོགས་རང་ཁོངས་དཔའ་ཤོད་བླ་བྲང་གི་ཕྱག་མཛོད་ལས་འཁུར་དུ་བསྐོ་བཞག་སྩལ་དོན། ༡༩༤༨ལོར་ཁམས་ཕྱོགས་སུ་བསྐྱོད་དེ་བཞུགས་སྐབས་ལྷོ་རྫོང་དུ་མདོ་སྤྱི་བཀའ་བློན་ལྷ་ཀླུ་དང་། ཆབ་མདོར་ང་ཕོད་ཡོད་པར་ཕན་ཚུན་གཉིས་ཀར་མཐུན་འགྱུར་རོགས་རམ་གནང་། ༡༩༥༡ལོར་ཀུན་བདེ་གླིང་ཛ་སག་བསྟན་པ་དབང་ཕྱུག་ལས་འཁུར་དགོངས་ཞུ་གནང་བའི་ཚབ་གསར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་རྟགས་དགོངས་དོན་བསྐོ་གཞག་སྩལ་ཕེབས་ལྟར་ལྷ་སར་ཆེད་བཅར་ནས་༡༩༥༢ཟླ་༡༠ཚེས་༥ཉིན་ཀུན་བདེ་གླིང་ཕྱག་མཛོད་ཛ་སག་བླ་མའིི་ལས་འཁུར་གསར་མཇལ་གནང་། ༡༩༥༤ལོར་བོད་མིའི་ལེགས་བཅོས་སྤྱི་ཚོགས་གསར་འཛུགས་བསྐྱངས་པའི་ཚོགས་འཐུས་མི་འགྲོར་བསྐོ་གཞག་སྩལ་དོན་ཛྷོགས་འདུའི་འཐུས་མི་དང་།་རྒྱུན་ལས་ཀྱི་ལས་འཁུར། ༡༩༥༩ལོར་རྒྱ་དམར་གྱི་བཙན་གནོན་དུས་ཟིང་མ་བྱུང་བར་ལས་འགན་མུ་མཐུད་གནང་། ༡༩༥༤ལོརས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་སྒྲིག་སྤྱི་ཁྱབ་ལས་འགན་ཐོག་ཆིབས་ཞབས་ཁོངས་ནས་ཆབ་སྲིད་ཀྱི་མཛད་བྱུས་གལ་ཆེའི་བཀའ་བསྡུར་མཛད་ཡུལ་བཀའ་བློན་རྣམ་པ་སོགས་གཙོ་འཛིན་མི་གྲངས་༡༣དམོགས་བསལ་ཟུར་བསྐོས་གནང་ཁོངས་སུ་བསྐོ་སྩལ་ལྟར་མཛད་འཁུར་གནང་། ༡༩༥༥ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མིང་བསྐོས་ལྟར་ཕྱག་ལས་གནང་། ༡༩༥༦ལོར་༸གོང་ས་མཆོག་རྒྱ་གར་དུ་གནས་གཟོགས་སུ་ཆིབས་བསྒྱུར་བསྐྱངས་སྐབས་ལྷ་ལྡན་རྒྱལ་ཁབ་ནས་གཞིས་རྩེ་ཚུན་གྱི་ཕེབས་སྒྲིག་དོ་དམ་བསྐོ་རྩལ་ལྟར་ཕྱག་ལས་གནང་། ༡༩༥༩ལོར་རྒྱ་དམར་ནས་༸གོང་ས་མཆོག་རྒྱ་མིའི་དམག་སྒར་དུ་གཟིགས་མོར་གདན་ཞུ་བྱས་རྐྱེན་མི་མང་ནས་བློས་འགན་མ་བཟོད་པར་གཟིགས་མོར་ཆིབས་བསྒྱུར་གནང་རྒྱུའི་བཀའ་བཞེས་ཕྱིར་འཐེན་མམཛད་དགོས་གསོལ་འདེབས་ཐོག་སྐུ་ཕྱའི་ཉེན་སྲུང་ཆེད་ཕོ་བྲང་མཐའ་བསྐོར་དུ་སྐུ་སྲུང་ད྄༷ངས་བླང་དམག་ཆེད་འཛུགས་པ་དང་། ནོར་གླིང་ཕོ་བྲང་དུ་སྐུ་སྲུང་དམག་སྤྱི་ཁང་དམིགས་བསལ་ཆེད་འཛུགས་འགོ་འཛིན་ཁ་ཤས་མང་ཚོགས་ནས་འོས་འདེམས་བྱས་དོན་ལྟར་དེ་ཁོངས་ཕྱག་ལས་གནང་སྐབས་ཉིན་རེ་བཞིན་དྲག་གནོན་གྱི་ཉེན་ཁ་ཇི་ཆེར་འགྲོ་བཟིན་པར་བརྟེན་དེ་མུར་ནོར་གླིང་དུ་བཞུགས་བློས་བཟོད་མིན་ཕྱིར་ཐོན་མ་གནང་མཐུ་མེད་ཀྱི་གནས་ལུགས་གསོལ་འདེབས་རིམ་ཞུས་ལྟར་བཀའ་འཁྲོལ་ལྟར་རྒྱ་གར་ཕྱོགས་ཕེབས་སྐབས་ལྷན་བཅར་གྱིས་ཞབས་འདེགས་ཞུས། རྒྱ་གར་ནང་ཕེབས་རྗེས་བཙན་བྱོལ་བོད་མི་ཁྱོན་ཆེ་རྒྱ་གར་ས་མཚམས་སུ་འབྱོར་གྱི་ཡོད་པར་སྦག་ས་དང་། མི་ས་མ་རི་གཉིས་སུ་གསོག་སྒར་འཛུགས་གནང་བ་དང་། ཁག་སོ་སོར་གདོང་བསུ་བྱེད་མི་ཆེད་གཏོང་གནང་བར་སྐུ་མཆོག་མི་ས་མ་རིར་ཕེབས་ནས་ཟླ་བ་གཞི་ཙམ་བཞུགས། དེ་རྗེས་བཞུགས་སྒར་མ་སུ་རིར་ཕྱིར་པེབས་ཀྱིས་༡༩༦༠ཟླ་༣ཚེས་༣ཉིན་སྔ་འཕྲོས་སློབ་ཕྲུག་གྲངས་༥༠ཐམ་པ་ཡོད་པའི་བོད་ཀྱི་སློབ་གྲ་ཞིག་གསར་འཛགས་བསྐྱངས་པའི་སློབ་སྤྱིའི་ཕྱག་ལས་གནང་། དེ་ནས་༸གོང་ས་ཆེན་པོའི་བཞུགས་སྒར་རྡ་རམ་ས་ལར་སྤོ་བཞུགས་རྗེས་རང་གཞུང་ལས་ཁུངས་ཁག་བཀོད་སྒྲིག་བསྐྱངས་པར་ཤེས་རིག་བཀའ་བློན་གྱི་ཕྱག་ལས་འགན་འཁུར་བཞེས་ཆེད་མ་སུ་རི་ནས་རྡ་སར་ཕེབས། དེར་བོད་མི་བཙན་བྱོལ་བའི་བུ་ཕྲུག་ཁྱོན་ཆེ་འབྱོར་གྱི་ཡོད་སྟབས་ཐོག་མར་ཟུར་གསོག་སློབ་ཁག་ལྔ་དང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་སྲིད་བློན་དེ་རུ་དང་མཇལ་འཕྲད་ཀྱིས་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་བཀའ་མོལ་བྱུང་རྗེས་གཏན་སློབ་ཁག་༧དང་། གཞིས་ཆགས་ས་ཁུལ་ཁག་ཉིན་མོའི་སློབ་གྲ་ཁག་རིམ་བཞིན་གསར་བཙུགས་གནང་། རང་རིགས་མཁས་པ་གདན་ཞུས་ཀྱིས་ཀློག་དེབ་གསར་དུ་ཕྱོགས་སྒྲིག་དང་། དེང་དུས་དང་མཐུན་པསི་ཤེས་ཡོན་སྤྲོད་ཕྱོགས་ཀྱི་དགེ་རྒན་འོས་སྦྱོང་གསར་འཛུགས་སོགས་མཛད། དེ་ནས་ཆོས་དོན་བཀའ་བློན་ཐུབ་བསྟན་ནོར་བཟང་དགོབས་ཞུ་གནང་བའི་ཚབ་ཏུ་བསྐོ་གཞག་བྱུང་སྐབས་རིས་མེད་ཆོས་སྡེ་ཁག་ལ་མཐུན་འགྱུར་རོགས་རམ་ཐོག  སྦག་སར་ཡོད་པའི་རིས་མེད་ཆོས་སྒར་རྣམས་བོད་མིའི་གཞིས་ཆགས་ཁག་ནང་གནས་སྤོས་ཀྱིས་ལས་འགན་གནང་། དེ་བཞིན་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཞིག་དགོས་གལ་༸གོང་ས་མཆོག་ནས་བཀའ་སློབ་སྤྱི་ཕེབས་དགོངས་དོན་ལྟར་འཚར་འགོད་ཀྱིས་རྒྱ་གར་གཞུང་ལ་ཐེངས་མང་མཐུན་འགྱུར་རོགས་རམ་འབོད་བསྐུལ་ཞུས་མཐར་ཝ་ར་ཎ་སིར་བོད་ཀྱི་ཆེས་མཐོའི་སློབ་གྲ་འདི་བཞིན་གསར་བཙུགས་ཐུབ་པ་བྱུང་། སྐུ་མཆོག་རྡ་ས་བོད་ཀྱི་སྨན་རྩིས་ཁང་ཡར་རྒྱས་གཏོང་ཕྱོགས་ཐད་ཀྱི་འགན་འཁུར་ཡང་གནང་། བཀའ་ཟུར་མཆོག་༡༩༣༥བོད་ཟླ་༡ཚེས་༢ཉིན་གཞུང་ཞབས་ནས་མི་ལོ་༤༢ཧྲིལ་པོ་ཞབས་ཞུ་གནང་རྗེས་༡༩༧༥ཟླ་༥ཚེས་༢༣ཉིན་རྒན་ཡོལ་དགོངས་འཁྲོལ་ཐོབ། དེའི་སྐབས་ར་རྗེ་སྤུར་དུ་བཞུགས་ཡོད་པ་རེད།།

འབྱུང་ཁུངས། རྒྱུན་མཁོའི་བོད་གནས་ལག་དེབ། ཤོག་གྲངས་ ༡༡3།

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s